Monday, August 24, 2009

སེམས་པ་སེམས་པས་བརྐུས་པའི་ལོ་དང་ཟླ་བ།།
རླུང་དང་ཁ་བར་གྱུར་ནས་སེམས་ལ་བབ་སོང་།།
རེ་བ་རེ་བར་ཐིམ་བའི་རྨི་ལམ་རིང་མོ།།
ཆུ་བོའི་གཞུང་ལ་འདྲེས་ནས་ཕར་ལ་བཞུར་སོང་།།

ཁ་པར་ཆུང་ཆུང་དེ་ཡི་འརྡ་སྣེ་བརྒྱུད་ནས།།
སེམས་ཀྱི་ཚོར་བ་གླུ་རུ་ལེན་འདོད་སྐྱེས་ཀྱང་།།
ངོ་ཚའི་ན་བུན་འཐིབས་པའི་གཤིས་ལུགས་ཤིག་གིས།།
སྙིང་གི་གླུ་སྐད་མགྲིན་པའི་ལམ་ནས་འགག་འགྲོ།།

ཚོར་བ་ཆུ་རུ་གདུ་བའི་སེམས་ཀྱི་རྒྱལ་མོས།།
མི་ཡི་གཤིས་ཀ་དང་དུ་ལོངས་ཞེས་སྨྲས་ཀྱང་།།
མི་ཁའི་མཚོན་ཆར་ཞེད་པའི་ངང་ཚུལ་དེ་ཡིས།།
སྣང་བ་བག་ལ་ཞུ་བའི་གདམས་ངག་བསྟན་ཡོང་།།

ཚེ་ཡི་ཕྲེང་བར་གོམས་པའི་ཤུགས་རྐྱེན་ཞིག་གིས།།
རྟོག་བཏགས་འཕྲུལ་གྱི་སྣང་བ་སེམས་ངོར་གྲུབ་སོང་།།
ལས་ཀྱི་བསྐོས་ཐང་དེ་ཡི་ཐིགས་རིས་བསམ་ནས།།
སེམས་པ་བདག་གིར་བཟུང་ཡང་རི་ལ་ཤོར་འགྲོ།།

No comments: