Monday, August 24, 2009

ཚོར་བ་རྩུབ་མོ།

རྩོམ་པ་པོ་ཐེའུ་རིང་ལ།

རྣོ་ལྕགས་ཀྱིས་གྲུབ་པའི་སེམས་པ་དམར་པོ།།
མེ་དཔུང་གིས་བཞེངས་པའི་འཚོ་བར་བཏབ་ནས།།
ཁྲག་ནག་གིས་བྲིས་པའི་སེམས་ཀྱི་སྙན་ངག།།
འཇིགས་བྲལ་གྱི་ཀློང་ནས་སྤོབས་པས་བླངས་སོང་།།

གཡོ་སྒྱུ་ཡིས་བཀབ་པའི་སེམས་ཀྱི་གཤིས་ཀ།།
ཕ་མ་ཡིས་གནང་བའི་ངང་ཚུགས་མིན་སྟབས།།
ཨུ་ཚུགས་ལ་བརྒྱུས་བའི་གླེན་རྟགས་ཚ་བོས།།
སུ་ཞིག་གི་བདེ་སྡུག་སེམས་ལ་ཉར་ཡོད།།

ཁུ་ཁྲག་ལས་གྲུབ་པའི་དར་མའི་ལང་ཚོར།།
ལྕགས་ནག་གིས་བྲབ་པར་སེར་སྣ་མེད་ཀྱང་།།
ན་ཆུང་གི་རོགས་ལོས་སྒུག་ཡོད་བསམ་ན།།
དམར་སྨུག་གི་སྙིང་ལ་གས་ཆག་མེད་དམ།།

མུན་ནག་ལ་བཅོལ་བའི་ན་ཟུག་ལྕི་མོ།།
ཕྲ་ཆུང་གི་མིག་ལས་རེ་བས་ཀློག་བཞིན།།
མྱ་ངན་གྱིས་གཟེང་བའི་སྐྲ་ལོ་རིང་བོ།།
ཚེར་ཕུང་གི་གཟིམ་མལ་གང་དུ་འཐོར་ཡོད།།

ཡབ་མེས་ཀྱིས་གནང་བའི་རུས་རྐང་སྲ་མོ།།
ཁྱི་སྤྱང་གི་ཁ་རུ་མཁྲེགས་པ་བདེན་ཡང་།།
སྙིང་སྟོབས་ཀྱིས་གཏར་བའི་ཁྲག་གི་མཆོད་འབུལ།།
འདྲེ་སྲིན་གྱི་དཔུང་བར་བཤམས་དོན་ཅི་ཡིན།།

No comments: