Monday, August 24, 2009

བརྩེ་བའི་སྦྲང་ཆང་།

སེམས་ཀྱི་སྣོད་ལ་ཕབ་པའི་བརྩེ་བའི་སྦྲང་ཆང་།།
མགྲིན་པའི་བུ་ག་བརྟོལ་ནས་ཕྱི་ལ་ཤོར་སོང་།།
དམ་ཚིག་མདུད་པ་བོར་བའི་སེམས་ཀྱི་སྡོམ་པ།།
ལང་ཚོའི་མཛེས་རིས་དེ་ཡི་ཁ་ནས་ཟད་སོང་།།

གཞོན་པའི་ན་ཚོད་སྨིན་པའི་བྲང་གི་ནུ་མ།།
དམར་སེར་ངུར་སྨྲིག་གོས་ཀྱི་སྤྲིན་པས་བཀབ་ཀྱང་།།
བྱམས་སེམས་འོད་ཀྱིས་བཞེངས་པའི་གདོང་གི་འཛུམ་རིས།།
སུས་ཀྱང་མ་བསྒྲིབས་བདག་གི་སེམ་ན་གསལ་འདུག།

ལས་དང་བྱ་བའི་བཀོད་སྒྲིག་སོ་སོ་ཡིན་སྟབས།།
བྲང་གི་འཇམ་ཤར་གླན་པར་བར་ཐག་ཆོད་ཀྱང་།།
འཕྲིན་དང་ཁ་པར་དེ་ཡི་བརྡ་ལམ་བརྒྱུད་ནས།།
སེམས་ཀྱི་བརྩེ་བ་ཁྱེད་ཀྱི་བྲང་ལ་སྦྱར་ཡོད།།

སྐྱེས་ཡུལ་ལུང་བ་མི་གཅིག་ཞིང་ཆེན་ཁ་ཁ།།
འཚོ་སའི་གནས་ཡུལ་མི་གཅིག་ལྷོ་དང་བྱང་སྣེ།།
ཡིན་ཡང་ཐེངས་གཅིག་འཕྲད་པའི་བསྐོས་ཐེངས་དེ་ཡིས།།
སེམས་དང་སེམས་པའི་རྒྱུན་ཐག་གཅིག་ལ་འདྲེས་ཡོད།།

འཕྲད་འདོད་སེམས་ཀྱི་འདོད་པའི་བཀའ་ལུང་བཙན་བོས།།
གོམ་པའི་འདེགས་འཇོག་ཕར་དང་ཕར་ལ་བསྒྱུར་ཀྱང་།།
མི་ཁའི་མཚོན་རྩེ་གཟེང་བའི་ཁོར་ཡུག་རྫོབ་པོས།།
སྙིང་གི་འདུན་པ་ཕྱིར་དང་ཕྱིར་ལ་བསྣུར་ཡོང་།།

མི་ལ་མི་དང་མཚམས་པའི་སེམས་གཤིས་ཡོད་ཕྱིར།།
འཇིག་རྟེན་བརྩེ་བའི་ཕྱོགས་ལ་དུངས་ཀ་ལོས་ཡོད།།
སར་གནས་སེམས་དཔར་འབོད་པའི་ཚངས་དབྱངས་རྒྱ་མཚོ།།
ལམ་ཐུག་བྱམས་པར་དུང་བའི་ཚུལ་ལ་ལྟོས་དང་།།

གདོད་ནས་རང་ལ་མངའ་བའི་སེམས་ཀྱི་གཤིས་ཀར།།
ཚུལ་འཆོས་མུན་བས་བཀབ་ཀྱང་ཕན་འབྲས་ཅི་ཡོད།།
རྫུན་གྱི་ཨུ་ཁུང་དེ་ལ་ཡ་ཕུག་ཐུང་ཞེས།།
འཇིག་རྟེན་མི་ཡི་དཔེ་རུ་གྲགས་པ་མིན་ནམ།།

སེམས་ཀྱི་སྙན་ངག་དུང་བའི་གླུ་རུ་ལེན་པ།།
ངག་ཀྱལ་ཡིན་ཞེས་དམ་པའི་གསུངས་ལས་བཤད་ཀྱང་།།
ཚོར་སྣང་དུར་སྦས་བྱ་བའི་བརྟུལ་ཞུགས་དེ་ལ།།
འདོད་པའི་ཡི་ག་ཆད་འདི་བདག་གི་རང་གཤིས།།

ཆོས་ཁྲིམས་ལྕགས་ཀྱིས་སྲུང་བའི་ཚོགས་གྲལ་དེ་རུ།།
དབུ་ལོ་ཀྱག་ཀྱོག་མ་བྱས་དྲང་བོར་གནས་ཀྱང་།།
གཟིགས་བྲལ་སེམས་ལ་མངའ་བའི་སྨོན་ལམ་གཙང་མ།།
སྨན་ཆུང་བུ་མོ་དེ་ཡི་མགྲིན་པར་འཁྱུད་ཡོད།།

ངང་ཚུགས་རང་ཚུགས་བྲལ་བའི་མི་རྐྱང་སེམས་འདི།།
བརྩེ་བའི་ལྕགས་ཐུར་གཏིང་དུ་ཟུག་པའི་རྟགས་རེད།།
གཡས་གཟུར་གཡོན་གཟུར་མེད་པའི་སྙིང་གི་འཕྲིན་འདི།།
སྒྲོལ་མས་སེམས་པ་བརྐུས་པ་བདེན་པའི་རྟགས་རེད།།


No comments: