Tuesday, November 24, 2009

སེམས་ཀྱི་འཁུན་སྒྲ།
གཞོན་པའི་ན་ཕྲ་དུས་ཀྱི་རུམ་ནས་ཟད་སོང་།།
གདོང་གི་ཁ་དོག་སྤུ་དང་གཉེར་མས་གང་སོང་།།
ན་སྤང་མེ་ཏོག་འཐུ་བའི་བྱིས་པ་ཆུང་ཆུང་།།
ལང་ཚོའི་ཚིགས་རིས་འཁྱོག་པའི་རྒས་འཁོག་གྲུབ་སོང་།།

ཁ་མཚར་ཀུ་རེ་བྱེད་པའི་སྤྱོད་སྟངས་དེ་ཡིས།།
མི་སེམས་སྐྱིད་ལ་སྐུར་བའི་འཚོ་བ་སྣུམ་པོ།།
ལོ་ཟླའི་ཆར་རླུང་རྩུབ་མོས་རལ་བའི་ཤུལ་དུ།།
ཁེར་རྐྱང་གདོང་ལ་སྐྱོ་བའི་སྨུག་ཅིག་འཐིབ་འདུག།

ན་ཟླའི་སེར་ཆེན་མེ་ཏོག་ལྡེམ་པའི་ཚལ་དུ།།
རང་སྣང་གླུ་རུ་བཞེངས་པའི་འགྱུར་ཁུགས་རེ་ཡང་།།
སྨྲེང་བའི་ཨུ་ཤུར་གྱུར་བའི་དབྱངས་རྟར་བརྫིས་ནས།།
ལྷིང་འཇགས་འཚོ་བའི་ཁ་ལ་སྐྱུར་རྩིར་བབ་སོང་།།

གྱེས་གདུང་མིག་ཆུས་བྲིས་པའི་ལམ་བུ་ཕྲ་མོ།།
ལས་ཀྱི་སྣེ་མོར་འཇུས་པའི་དུས་ཚིགས་དེ་ནས།།
སྟག་ཤར་འབྲོང་སྙིང་ཅན་གྱི་སྒྱུ་མའི་མཐིལ་དུ།།
ཤུར་ཤུར་རྒྱུ་བའི་ཁ་བ་འབབ་མགོ་བརྩམས་སོང་།།

གནས་སའི་ཁོར་ཡུག་རྫོབ་པོར་ཁ་དོག་མི་འདུག།
འགྲོགས་སའི་མི་ལ་བོད་པའི་རྩམ་དྲི་མི་བྲོ།།
ར་མིན་ལུག་མིན་ལྟ་བའི་ཁ་ཕྱོགས་དེ་ཡིས།།
གདུང་བའི་ཁ་ལ་གདུང་བ་སྣོན་མར་བརྩེགས་སོང་།།

ཐོས་པའི་གཏམ་ལ་ཚྭ་དང་སྒོག་པས་ཁྱབ་འདུག།
མཐོང་བའི་ཁ་དོག་མདངས་དང་འོད་ཀྱིས་སྟོང་འདུག།
ཕྱི་རོལ་དགྲ་རུ་ལངས་པའི་སྣང་ཚུལ་དེ་ཡིས།།
གདོང་གི་རྒས་རིས་ཟབ་ནས་ཟབ་དུ་ཕྱིན་སོང་།།

སེམས་ཀྱིས་འཕྲུལ་ལ་བཞེངས་པའི་ཞིང་ཁམས་སེར་བོ།།
མེ་ཏོག་ནམ་ཟླས་བཏང་བའི་དགུན་ལ་བཏབ་འདུག།
དད་དམ་སྨོན་ལམ་གཙང་མའི་མིག་ཆུ་དེ་ཡང་།།
ཡིད་ཆད་མེ་ལ་གཞུས་དེ་སེམས་ནས་སྐམ་སོང་།།

ཨུ་ཚུགས་གཡག་ལ་འཕྱར་བྱེད་ལྕག་གི་ཁྲིམས་ཆད།།
ཀླད་མེད་བྱིས་བར་བཏབ་པའི་ངང་ཚུལ་དེ་ཡིས།།
འཚེ་མེད་ཞི་བར་གྲགས་པའི་ཆོས་ཀྱི་བཀའ་ཁྲིམས།།
མི་སེམས་དམར་གསོད་བྱེད་པའི་གཤེད་མར་གོ་སོང་།།

གཡོ་སྒྱུ་འཛུམ་རིས་གསལ་བའི་མིག་ཟུང་རྣོན་པོས།།
གཞན་སྐྱོན་ཁབ་མིག་འཚོལ་བའི་སྲིན་བྱ་སྐོར་ཅིག།
ཉིན་སྐུང་མཚན་རྒྱུའི་ལས་ལ་བཀའ་རྒྱས་བཏབ་པས།།
འགྲོ་འདུག་སྤྱོད་པའི་འཚོ་བར་བདེ་བློ་མི་འདུག།

རང་བདེ་གཞན་ཕམ་བློ་ཡི་འཁྱེར་སྟངས་བཙན་པོས།།
མི་སེམས་བྲན་དུ་བྱེད་པའི་སྤྱི་ཚོགས་འདི་རུ།།
བློ་གཏད་ཆུ་ཤིང་སྙིང་བོའི་དཔེ་རུ་སོང་བས།།
སླད་མེད་མཛའ་གཅུགས་ཟེར་བ་རྨི་ལམ་ལོངས་སྤྱོད།།

བརྩེ་ལྡན་མ་ལོའི་སྙིང་གི་སྲོག་དུ་གྲུབ་པའི།།
འབྲོང་གཡག་དར་མའི་རྒྱུད་དུ་འཁྲུངས་བའི་བུ་ཞིག།
འཁོར་བས་བརྙས་བཅོས་ཡང་དང་བསྐྱར་དུ་བྱས་པས།།
སེམས་ཀྱི་འཁུན་སྒྲ་མ་བཟོད་ཕྱི་ལ་ཤོར་སོང་།།

No comments: