Tuesday, November 24, 2009

སྐལ་བཟང་མགྲོན་པོ།

མུན་པ་མེ་ཡིས་ཟས་པའི་རྗེས་ཤུལ་དུ།།
སྙིང་ཁར་དྲོད་ཀྱིས་བྱིན་པའི་ཚོར་བས་བཟུང་།།
ན་ཟུག་གླུ་རུ་བཞེངས་པའི་སྙན་ངག་པ།།
འོད་ཀྱི་ལམ་བུ་ཞིག་གི་སྣེ་ལ་འཇུས།།

རྟོག་བཏགས་འཚོ་བའི་རི་གྲོང་དམར་པོ་དེར།།
ཡིད་ཆེས་འཇའ་རིས་གསལ་བའི་རླུང་རྟ་བཙུགས།།
ཆུ་བུར་རྡོག་པོ་ཟུང་གི་འཕྲུལ་འདེགས་ཀྱིས།།
མེ་ཏོག་བསུང་ཞིམ་སྣོམ་ལ་སྨོན་པ་སྒྲིག།

སོར་མོའི་རྒྱུད་ལ་འཁྲུངས་པའི་དབྱངས་རྟ་ཞིག།
སྤྲིན་པའི་རླབས་ཀྱིས་བསྐྱོམ་སྟེ་སྙིང་ལ་ལྷུང་།།
བྱུ་རུའི་སྐས་རྐང་འགྲིམ་པའི་དབྱངས་ཅན་མ།།
དཔག་ཚད་བྱེ་བའི་ཁྱོན་ཐོལ་གྱིས་འཕགས།།

ཆར་སིམ་བརླན་གྱིས་བཟུང་བའི་ལ་འདབ་ཅིག།
བྱེ་མའི་ཐང་ལ་ལྷུང་བའི་རྟེན་འབྱུང་གིས།།
རླུང་གིས་ཤུ་སྒྲ་འབྱིན་པའི་ཡུལ་ཁམས་ཤིག།
ལྗང་ལོའི་རལ་བ་འཛུམ་པའི་ཞིང་དུ་བསྒྲུབས།།

དྲོད་ཀྱིས་བྱིན་པའི་ཚེ་སྲོག་ལྗང་ཁུ་ཞིག།
འདི་ན་གཉོམ་དུང་མགོ་བོ་དུད་དེ་ལྷག།
གསེར་མདོག་སྟོན་གྱི་སྙེ་མ་རེ་རེ་ཡང་།།
མི་གསལ་གབ་པའི་ཚུལ་གྱིས་གད་མོ་དགོད།།

མཐའ་དང་མགོ་མཇུག་བྲལ་བ་འོ་མའི་མཚོ།།
ངང་བའི་རྩེད་འཇོར་ཆགས་དེ་རླབས་ཕྲེང་གཡོ།།
མུ་ཏིག་བལྟར་ལ་བརྒྱུས་པའི་ཁྲུང་ཁྲུང་ཚོགས།།
སྟོན་གྱི་བུ་མོ་བསུ་ཕྱིར་ལྷོ་རུ་འཕུར།།

དཀར་མཛེས་དུང་ལ་སྐྱེས་པའི་མེ་ཏོག་ཅིག།
དགྱེས་འཛུམ་སོར་རྩེར་ལེན་པའི་སྒེག་བག་གིས།།
མྱ་ངན་མཐའ་རུ་བྱེད་པའི་དབྱངས་ཅན་མ།།
སེམས་ཀྱི་མགྲོན་དུ་ཕེབས་འདི་སྐལ་བ་བཟང་།།

No comments: