Wednesday, December 17, 2008

ལོ་ཟླ་མུན་པས་ཟོས་པའི་མྱ་ངན་ཐང་ནས།།
ཨུ་ཚུགས་རྡོ་ལ་བྲིས་པའི་གྲངས་ཀ་མང་ཡང་།།
རེ་བ་ཆུ་ཤིང་སྙིང་བོའི་དཔེ་རུ་གོ་བས།།
མིག་འོད་དྭངས་མོ་སྡུག་གི་མཆི་མས་ཟགས་སོང་།།

ནམ་ཟླ་དགུན་ལ་སླེབས་པའི་ཚོར་སྣང་ཟབ་མོས།།
མི་རྐྱང་སེམས་པ་རལ་བའི་ལས་དབང་ཁ་ལ།།
སེམས་སོང་བྱམས་པས་བསྐྱུར་བའི་བཟི་ཁ་སྐྱུར་བོས།།
སྙིང་ལ་གས་ཆག་ཤོར་བའི་གྲངས་ཚོད་མི་འདུག།

མི་ལ་མི་སེམས་བྲལ་བའི་གཤིས་ལུགས་ཤིག་གིས།།
གཏན་གྱི་འདུན་མར་མུན་པའི་ལྕགས་ཟྭ་བརྒྱབ་པས།།
ངུར་སྨྲིག་འོད་ངོགས་འཚོ་བའི་ཁ་དོག་སྣུམ་པོར།།
སྐྱ་ཟད་སྔོ་རྡིབ་དུས་ཀྱི་རོལ་དབྱངས་གྲགས་སོང་།།

ད་ནི་རེ་བའི་མིག་འོད་རྡུལ་གྱིས་གཡོགས་སོང་།།
ནང་གི་སྐྱོ་བའི་ཟབ་ཚད་ཕྱི་རུ་ཤར་སོང་།།
སྒྱུ་མའི་བསླུ་བྲིད་ཤར་བའི་ཁོར་ཡུག་རྫོབ་པོར།།
རེ་བའི་ཡི་ག་ཆད་ནས་ཕྱི་ལ་འཁྱམས་འགྲོ།།

No comments: