Sunday, October 26, 2008

ཁྱེད་སོང་ཤུལ་དུ་བར་སྣང་དང་ས་གཞི་སྟོང་བ་རེད།

མཐའ་ཡས་པའི་རྒྱ་མཚོ་དང་གསེར་མདོག་གི་ཉི་འོད་
ད་དུང་
ལང་ཚོ་ཞིག་གི་རོལ་དབྱངས་
ཡོད་ཚད་དྲན་གདུང་གི་སྣོན་པ་ལས་ཅི།
འོན་ཀྱང་
ལསསྔོན་ཀྱི་བཀོད་སྒྲིགས་ལས་སུ་ཞིག་
རྒྱང་དུ་བཀྱེད་ཐུབ།

ཕྱིར་དྲན་རྐང་རྗེས་རེ་རེ།།
ལོ་དང་ཟླ་བར་བྲིས་པས།།
སེམས་ཀྱི་ལོག་མལ་ནང་དུ།།
སྐྱོ་བའི་ཁ་བ་བབ་སོང་།།
མཚམས་སྤྲིན་ཁ་དོག་བོར་ནས།།
ས་ མཐའི་རི་ལ་ཆས་པ།།
གཏན་གྱི་ཕུགས་འདུན་ཡིན་ཡང་།།
སེམས་པ་བསྲེགས་པའི་མེ་རེད།།


གསེར་མདོག་རྒྱ་ཕུབ་འོག་ནས།།
སེམས་པ་ཕྱི་ལ་འཁྲེང་བས།།
འདབ་དྲུག་མེ་ཏོག་ལང་ཚོ།།
སྐྱོ་བའི་རླུང་གིས་ཁུར་སོང་།།


ཁྱེད་ངུར་སྨྲིག་གིརུམ་ཁ་ནས་འཕུར་ཉིན་ནས

གནས་འདི་ལ་ཁ་བ་བབ་སོང

ཁ་བ་བརྟུལ་མར་བབ་པས་

སྲིན་བྱའི་དགོང་ཚོགས་ལས

ང་དང་ངའི་ཁོར་ཡུག་གི་ནག་ཉེས་གླེང

གླེང་གླེང་བའི་མཐར་ ངས་ད་གཟོད་

མ་ཚེའི་གོད་ཆག་འཁུར་མཁན་ཚོ་དྲང་བདེན་ཡིན་པ་ཚོར།


རྒྱ་མཚོའི་རླབས་རིས་དང

ཁྱེད་ཀྱི་གྲིབ་གཟིགས་ནི

བདག་གི་ནམ་མཁའ་དང་ས་གཞིའི་མཛེས་སྡུག་ཏུ་གླེང་ཆོག

འོན་ཀྱང

མེ་ཏོག་གི་རུམ་ཁར་འཕུར་བའི་ཁྱེད

ད་ལྟ་འཇིག་རྟེན་གཞན་ཞིག་གི་བདག་པོར་གྱུར་འདུག་སྐད

ངའི་ཁོར་ཡུག་དང་ཧ་ཅང་ཐག་རིང་དུ་གྱུར་འདུག

1 comment:

མིག said...

ཁྱེད་དང་བྲལ་བའི་ལོ་ཟླ་ནི་ཅི་འདྲའི་རྩུབ་ཨང་།